དམིགས་ཡུལ།

ས་སྐྱ་སྨོན་ལམ་ཚོགས་པ་ནི། ཁེ་ཕན་མི་ལེན་པའི་གཞུང་འབྲེལ་མིན་པའི་ཆོས་དང་རིག་གཞུང་རྐྱང་པའི་ཚོགས་པ་ཞིག་ཡིན་པ་དང། ཚོགས་པ་འདི་ས་སྐྱ་སྨོན་ལམ་གོ་སྒྲིག་ཆེད་གསར་འཛུགས་བྱས་པ་ཞིག་ཡིན། འདིའི་དམིགས་ཡུལ་གཙོ་བོ་འཇིག་རྟེན་ཁྱོན་ལ་ཞི་བདེ་ཡོང་བ་དང། སངས་རྒྱས་ཀྱི་བསྟན་པ་མི་ཉམས་རྒྱུན་འཛིན་སླད་ཞབས་འདེགས་ཞུ་རྒྱུ་ཡིན།
ཚོགས་པ་འདིས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན་སྨོན་ལམ་གོ་སྒྲིག་གི་ལས་དོན་ལས་གཞན་ས་སྐྱའི་དགོན་སྡེ་ཁག་གི་ཤེས་ཡོན་ཡར་རྒྱས་དང། སྤྱི་ཚོགས་ནང་ནང་ཆོས་གོ་རྟོགས་གོང་སྤེལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཆེད་དུ་ལས་དོན་སྒྲུབ་རྒྱུ་ཡིན།
གོང་གསལ་ཚོགས་པའི་དམིགས་ཡུལ་བཞིན་ང་ཚོས་ཤེས་ཡོན་གྱི་བསྟི་གནས་ཁག་དང། སྤྱི་ཚོགས་ནང་བླ་མ་དང་མཁས་དབང་གདན་འདྲེན་ཞུས་ནས་ནང་ཆོས་ངོ་སྤྲོད་གོ་སྒྲིག་ཞུ་རྒྱུ་དང། ནང་པའི་ལྟ་གྲུབ་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་སློབ་གསོའི་ལས་འགུལ་སྤྱི་ཚོགས་ཐོག་ཁྱབ་བརྡལ་ཡོང་ཐབས་བྱེད་རྒྱུ་ཡིན།
དེ་བཞིན་ང་ཚོས་ས་སྐྱའི་རྩོམ་སྒྲིག་སྡེ་ཚན་ལ་མཐུན་རྐྱེན་སྦྱར་ཏེ། རྩོམ་སྒྲིག་དང་པར་སྐྲུན་གྱི་སྒོ་ནས་རིག་གཞུང་སྲུང་སྐྱོབ་ཀྱི་བྱ་བ་སྒྲུབ་པ་དང། ས་སྐྱའི་དགོན་སྡེ་ཁག་གི་དགེ་རྒན་དང། སློབ་ཕྲུག་རྣམས་ལ་ཟབ་སྦྱོང་དང། བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱེད་པ་སོགས་ཆུ་ཐིགས་གིས་རྒྱ་མཚོ་རྒྱས་པ་བཞིན་དད་ལྡན་རྣམས་ཀྱི་ཞལ་འདེབས་ཆུང་ངུས་ཀྱང་འཇིག་རྟེན་ཁྱོན་ལ་སྨན་པའི་ཞབས་འདེགས་འགྲུབ་པའི་བྱ་བཞག་རྩོམ་པའི་དམིགས་ཡུལ་འཆང་བཞིན་ཡོད།