ཁོར་ཡུག་སྲུང་སྐྱོབ།

ད་ལྟ་འཛམ་གླིང་ཐོག་སྔར་དང་མི་འདྲ་བར་ཁོར་ཡུག་གི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད། དེ་ནི་བཟོ་ལས་གསར་བརྗེ་དང། འཕྲུལ་ཆས་ཡར་རྒྱས་ལ་བརྟེན་པ་དང། དེ་ཡང་མིའི་འདོད་རྔམས་དང། ཚོད་མེད་པའི་ཐོན་ཁུངས་བེད་སྤྱོད་དང། བཟོ་ཚོང་ཁང་གི་དགོས་མེད་ཀྱི་ཐོན་བསྐྱེད་སོགས་ལ་བརྟེན་ནས་ཡོང་གི་ཡོད། དེ་ནི་མི་ཙམ་མིན་པར་སེམས་ཅན་ཚང་མའི་འཚོ་གནས་དང་འབྲེལ་བའི་འཇིག་རྟེན་སྤྱིའི་དཀའ་ངལ་ཞིག་ཡིན་པར་བརྟེན་སྤྱི་པའི་ཚོགས་པ་འདིས་ཀྱང་དེའི་ཐད་ཐུན་མོང་དུ་ནུས་པ་འདོན་སྤེལ་དང་འགན་འཁུར་བླངས་ཏེ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་རྩོམ་པ་དང། དེ་ཡང་གཙོ་བོ་ནང་ཆོས་ལས་“འཇིག་རྟེན་འདི་སེམས་ཅན་སྤྱི་མཐུན་གྱི་ལས་ལས་བྱུང་བ་དང། སྤྱི་མཐུན་ལ་དབང་བའི”དགོངས་པ་གཞི་རྩར་བཟུང་ནས་ནང་པའི་ཆོས་དང། སྲོལ་རྒྱུན་ཁོར་ཡུག་གི་འདུ་ཤེས་དེ་དག་དེང་རབས་ཀྱི་འཛམ་གླིང་ནང་ངོས་འཛིན་རྙེད་ཐབས་དང། རྒྱུན་འཛིན་གོང་འཕེལ་ཡོང་ཐབས།དེ་བཞིན་ཁོར་ཡུག་གི་ཉེན་ཚབས་དང། དངོས་ཡོད་དཀའ་ངལ་གནས་ཚུལ་སྤྱི་ཚོགས་ནང་གོ་རྟོགས་སྤེལ་བ། དགེ་འདུན་པས་དབུ་ཁྲིད་དེ་དམར་ཟས་སྤོང་བདང། ཁོར་ཡུག་འབག་བཙོག་ལ་གནོད་པའི་རིགས་མི་སྤྱོད་པ། ཁོར་ཡུག་གཙང་སེལ་སོགས་ཀྱི་ཆེད་ལས་འགུལ་སྤེལ་བ་སོགས་བྱེད་པ། ཆེད་ལས་པ་གདན་དྲངས་ནས་དེ་དག་གི་ཆེད་ཟབ་སྦྱོང་དང། གོ་རྟོགས་སྤེལ་བའི་བགྲོ་གླེང་འདུ་འཛོམས་གོ་སྒྲིག་ཞུ་བ་སོགས་བྱེད་རྒྱུ་ཡིན།