ཤེས་ཡོན་ཡར་རྒྱས།

རྒྱལ་བའི་བསྟན་པ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་ནི་ཤེས་ཡོན་ལ་རག་ལུས་པས་ན་སྨོན་ལམ་ཚོགས་པས་ས་སྐྱའི་དགོན་སྡེ་ཁག་གི་ཤེས་ཡོན་ཡར་རྒྱས་སླད་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་དམིགས་ཡུལ་ཡིན་ཞིང། དེ་བཞིན་སྨོན་ལམ་ཚོགས་པའི་འགན་འཛིན་ལྷན་ཚོགས་དང། རྒྱུན་ལས་གསར་པ་རྣམས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་མཇལ་ཁར་བཅར་སྐབས་སྤྱི་པའི་སྒྲིག་འཛུགས་འདིས་ས་སྐྱའི་དགོན་སྡེ་ཁག་ལ་རོགས་རམ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་བའི་དགོངས་དོན་འགན་འཛིན་ལྷན་ཚོགས་སྐབས་གོ་བསྡུར་གནང་སྟེ། ཚོགས་པ་འདིས་ས་སྐྱའི་དགོན་སྡེ་ཁག་གི་སློབ་གཉེར་ཡར་རྒྱས་སླད་རོགས་རམ་ཞབས་འདེགས་ཞུ་རྒྱུའི་ཐག་གཅོད་བྱུང་ཡོད།
དམིགས་ཡུལ་དེའི་ནང་༸སྐྱབས་མགོན་འཁོན་གདུང་༸སྐུ་བགྲེས་རིན་པོ་ཆེའི་བཀའ་དགོངས་བཞིན་ས་སྐྱའི་དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭ་ཁག་གི་ཆེད་བསླབ་གཞི་དང། སློབ་དེབ་གཏན་འབེབས་ལས་དོན་བརྩམས་ཏེ། ཐུན་མོང་གི་ཤེས་ཡོན་ལམ་སྲོལ་ཚད་ལྡན་གཏན་འབེབས་ཡོང་ཐབས་བྱེད་རྒྱུ་ཡིན་ཞིང། དེའི་ཆེད་དགོན་སྡེ་ཁག་གི་སློབ་གྲྭའི་གནས་ཡོད་མི་སྣའི་ཚོགས་འདུ་བསྐོང་ནས་བསམ་འཆར་གོ་བསྡུར་བྱེད་པ་དང། དེ་བཞིན་བསླབ་གཞི་དང་སློབ་དེབ་སྒྲིག་ཕྱོགས་ཐད་མཁས་པའི་བགྲོ་གླེང་གོ་སྒྲིག་ཞུ་བ། བསླབ་གཞི་དང་སློབ་དེབ་
ཟིན་བྲིས་དང་ཚོད་ལྟ། དགེ་རྒན་ཟབ་སྦྱོང་སོགས་ཀྱི་ལས་རིམ་མང་པོ་ཞིག་སྒྲུབ་པའི་འབད་བརྩོན་བྱེད་རྒྱུ་ཡིན།
སྨོན་ལམ་བོད་ཀྱི་ཀུན་བཏུས་ཚིག་མཛོད་ཆེན་མོ་ནི། བོད་ཀྱི་ཆོས་ལུགས་དང། ལོ་རྒྱུས། རིག་གནས། ཡུལ་སྲོལ་སོགས་ཚང་མ་འདུས་པའི་ཀུན་བཏུས་ཚིག་མཛོད་ཀྱི་ལས་འཆར་ཞིག་ཡིན་པ་དང། ལས་གཞི་འདིའི་ནང་བོད་ཀྱི་ཆོས་ལུགས་ཁག་གིས་རང་དོན་རང་གཅེས་ཀྱིས་ཆ་ཤས་ལེན་བཞིན་པ་ལས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་བཀའ་སློབ་ལམ་སྟོན་བཞིན་ས་སྐྱའི་རྩོམ་སྒྲིག་སྡེ་ཚན་ཟུར་འཛུགས་བྱས་ཏེ། དེའི་མཐུན་རྐྱེན་ས་སྐྱ་སྨོན་ལམ་ཚོགས་པས་སྦྱོར་བཞིན་པ་དང། དེ་ཡང་རྩོམ་སྒྲིག་ཁང་འདི་ཉིད་གནས་སྐབས་དང། འཕྲལ་སེལ་ཙམ་མ་ཡིན་པར་གཏན་ཆགས་རྩོམ་སྒྲིག་ཁང་གི་ངོ་བོར་རྒྱུན་འཛིན་བྱས་ཏེ། སྔོན་གྱི་དཔེ་རྒྱུན་དཀོན་པ་དང། ཐོར་གྱར་སོང་བའི་རིགས་བསྡུ་སྒྲིག་དང། ཉེ་རབས་མཁས་པ་རྣམ་པའི་གསུང་ཕབ་སྒྲིག་སོགས་རྩོམ་སྒྲིག་དང། པར་སྐྲུན། འགྲེམ་སྤེལ་བཅས་ཀྱི་ཆེད་ཞབས་འདེགས་ཞུ་རྒྱུ་ཡིན།
བོད་ཀྱི་ནང་ཆོས་མི་ཉམས་རྒྱུན་འཛིན་དང། དེས་གྲངས་ལས་འདས་པའི་སྐྱེ་བོ་མང་པོར་ཕན་རླབས་ཡོང་བ་བྱ་དགོས་ན་དགོན་སྡེ་དང། དགེ་འདུན་ཙམ་ལས་འདས་ནས་སྤྱི་ཚོགས་ཁྱོན་ཡོངས་དང། དེའི་གཞི་རྩ་ཤེས་ཡོན་བསྟི་གནས་སློབ་གྲྭ་ཁག་ཏུ་ནང་ཆོས་སློབ་གཉེར་དང། ངོ་སྤྲོད་བྱེད་དགོས་པས་དེའི་ཆེད་ང་ཚོས་བླ་མ་དང། མཁས་པ་གདན་འདྲེན་ཞུས་ཏེ། སློབ་གྲྭ་ཁག་དང། སྤྱི་ཚོགས་ཐོག་ནང་ཆོས་ངོ་སྤྲོད་གོ་སྒྲིག་གི་ལས་འགུལ་སྤེལ་རྒྱུ་ཡིན།
དགོན་སྡེ་ཁག་གི་གཞི་རིམ་སློབ་གྲྭའི་ནང་གི་བཙུན་ཆུང་དེ་དག་ནི་མ་འོངས་པའི་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་འགན་འཁུར་མཁན་ཡིན་པར་བརྟེན་ཁོང་ཚོ་གཞི་རིམ་གྱི་སློབ་སྦྱོང་རྐང་ཚུགས་པ་དང། དགེ་རྒན་དང། འགན་འཁུར་བྱེད་མཁན་ཞིག་ཏུ་གསོ་སྐྱོང་བྱེད་དགོས་པ་དང། དེའི་ཆེད་གོང་གསལ་བསླབ་གཞི་དང། སློབ་དེབ་གཏན་འབེབས་ཀྱི་ལས་དོན་གྱིས་གཙོས་སློབ་ཁྲིད་ལམ་ལུགས་དང། ཐབས་ལམ་ལ་ཉམས་ཞིབ་དང་ཡར་རྒྱས་ཡོང་ཐབས་བྱེད་པ་དང། དེ་བཞིན་དགེ་རྒན་ཚད་ལྡན་ཡོང་སླད་དགེ་རྒན་དང། དེ་བཞིན་དགེ་རྒན་ལ་གནས་ཚད་ལོངས་པའི་དགེ་འདུན་རྣམས་ལ་དགེ་རྒན་འོས་སྦྱོང་གོ་སྒྲིག་ཞུ་རྒྱུ་དང། དཀའ་ངལ་ཡོད་པའི་དགོན་སྡེ་ཁག་ལ་དགེ་རྒན་འོས་སྦྱོང་ཐོན་ཟིན་པའི་དགེ་རྒན་མཐུན་འགྱུར་བསྐྲུན་ཐབས་སོགས་ཀྱི་ཆེད་འབད་བརྩོན་བྱེད་རྒྱུ་ཡིན།
ཁོར་ཡུག་སྲུང་སྐྱོབ།