འགྲོ་མགོན་ཆོས་རྒྱལ་འཕགས་པ།

tradition_chogyal_2-210x300རྗེ་འདི་ནི། ཤིང་ལུག་སྤྱི་ལོ་༡༢༣༥ལོར། ཡབ་ཟངས་ཚ་བསོད་ནམས་རྒྱལ་མཚན་དང་། ཡུམ་མ་གཅིག་ཀུན་སྐྱིད་ཀྱི་སྲས་སུ་བལྟམས། ཡི་གེ་འབྲི་ཀློག་སོགས་རིག་གནས་འགའ་མ་བསླབས་པར་མཁྱེན་ཅིང་། སྐུ་ཚེ་སྔ་མ་དྲན་པ། དགུང་ལོ་གསུམ་པར་སྒྲུབ་ཐབས་མཚོ་སྐྱེས་ལ་སོགས་ཐུགས་ལས་གསུངས་པར་ཀུན་ཡ་མཚན་ཏེ་འདི་ནི་འཕགས་པ་འོ་ཞེས་གྲགས་པས་མཚན་དེ་ལྟར་ཐོགས། དགུང་ལོ་བརྒྱད་དགུ་ནས་ཆོས་གསུངས་ཤིང་། བཅུ་པར། ཧོར་ཡུལ་དུ་ས་པཎ་གྱི་ཕྱག་ཕྱིར་བྱོན། དབུས་ཀྱི་ཟུལ་ཕུའི་ཆོས་གྲྭར། འཇམ་མགོན་ས་པཎ་དྲུང་རབ་དུ་བྱུང་། བཅུ་བདུན་པ། སྤྱི་ལོ་༡༢༥༡ འཇམ་མགོན་ས་པཎ་སྐུ་གཤེགས་ཁར་བསྟན་པ་གཏད། ལོ་དེར་གོ་དན་ཡང་འདས། དགུང་ལོ་བཅུ་དགུ་པ། ཆུ་གླང་ ༡༢༥༣ ལོར། སོག་རྒྱལ་ཧུ་པི་ལི་སེ་ཆེན་གན་གྱིས་བོད་སྐོར་དྲིས་པའི་ལན་དུ་འཕགས་པས་བོད་སྤྱིའི་ཐུགས་འགན་བཞེས་ནས། བོད་དུ་མི་ཆེ་བ་དང་། ཕོ་རྒོད་པ། ཡོན་ཏན་ཆེ་བ་བྱུང་ཚུལ་དང་། འཛམ་གླིང་སུམ་གཉིས་དབང་བསྒྱུར་ལོ་རྒྱུས་གསུངས་ནས་བོད་ཀྱི་མངའ་ཐང་ངོ་སྤྲོད་མཛད། ལོ་དེ་ནས་ས་སྐྱ་པའི་ཟབ་ཆོས་ཀྱི་དབང་རིམ་པར་བསྩལ་བའི་དབང་ཡོན་དང་པོར། བོད་ཁྲི་སྐོར་བཅུ་གསུམ་དང་ཏི་ཤྲཱི་གོ་གནས། དེའི་ཕྱི་ལོར། བན་དེ་ཤེད་སྐྱེད་ཀྱི་འཇའ་ས་བོད་ཡིག་མ་ཕུལ། དབང་ཡོན་གཉིས་པར། ལྕགས་སྤྲེལ། ༡༢༦༠ ལོར། ཆོས་དུང་དཀར་པོ་རྒྱང་གྲགས་དང་། བོད་ཆོལ་ཁ་གསུམ་ཕུལ་ཏེ། བོད་ཀྱི་སྲིད་དབང་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ། འདི་ནས་ས་སྐྱ་པས་བོད་ཀྱི་སྲིད་དབང་བཟུང་བའི་འགོ་ཚུགས། དབང་ཡོན་གསུམ་པར། རྒྱ་ཡི་མི་ཡུར་ཆེན་མོ་ཕུལ་ཏེ། རྒྱ་མི་རིགས་ཁྲི་འབུམ་མང་པོ་སྲོག་ཉེན་ལས་བསྐྱབས། ཐེངས་ཤིག་རྒྱལ་པོས་བོད་དུ་ས་སྐྱ་པ་མ་གཏོགས་ཆོས་ལུགས་གཞན་བྱེད་དུ་མི་འཇུག་པར་གསུངས་པ་ན། བླ་མས་ཆོས་ལུགས་རྣམས་རང་མོས་ལྟར་འཇོག་དགོས་པའི་ལམ་སྟོན་གནང་སྟེ། རིས་མེད་ཀྱི་བསྟན་པ་རྒྱུན་གནས་ཐུབ་པའི་བཀྲིན་དང་མིག་དཔེ་མཛད། དགུང་ལོ་ཉེར་གཅིག་པ། ཤིང་མོ་ཡོས་ལ། སྤྱི་ལོ་༡༢༥༥ ལོར། སྙེ་ཐང་པ་གྲགས་པ་སེང་གེ་གདན་དྲངས་ཏེ་བསྙེན་པར་རྫོགས་པ་དང་། ཆོས་ཀྱང་གསན། དེ་ནས་རི་བོ་ཐའི་ཧང་ཧྲན་དུ་གནས་པའི་ཟིན་ཤིང་གི་སྟོན་པ་བཅུ་བདུན་རྩོད་པས་བཅོམ་ནས་ནང་པར་བཙུད། དགུང་ལོ་སོ་གསུམ་པར་ས་སྐྱར་བྱོན་དུས། འཇའ་ས་མུ་ཏིག་མ་ཕུལ། དེ་ནས་བོད་དུ་ལོ་ངོ་གསུམ་བཞུགས་རིང་ཆོས་གསུངས་པ་དང་། ཁ་ཆེ་པཎ་ཆེན་ཤྲཱི་ཏ་ཐཱ་ག་ཏ་བྷདྲ་དང་། མཆིམས་ནམ་མཁའ་གྲགས་སོགས་ཉི་ཤུ་ལྷག་བསྟེན་ཏེ། བོད་ན་ཡོད་པའི་ཆོས་ཕལ་ཆེར་གསན། དེ་ནས་སླར་རྒྱལ་པོས་གདན་དྲངས་ལྟར་ཕེབས་སྐབས་ལས་ཚན་བཅུ་གསུམ་དང་བཅས་བྱོན་པར། བཅོམ་ལྡན་རིག་རལ་གྱིས། ཟུར་ཟ་དང་ལན་གྱི་སྙན་དངངས་ཀྱང་དེ་དུས་གསུངས། དེ་ནས་དགུང་གྲངས་དྲུག་ཅུ་རེ་གཅིག་ལ་ཕེབས་པའི་བཀའ་གདམས་ནམ་མཁའ་འབུམ་དང་གསུང་གླེང་མཛད་པར་ཁོང་གིས་གསུང་གླེང་ལས་འཕྲོས་པའི་ཟིན་ཐོའི་རྣམ་ཐར་ངོ་མཚར་ཅན་གཉིས་ཀྱང་དེ་དུས་མཛད། དེ་ནས་ཧོར་ཡིག་གསར་བཏོད་དང་། དགུང་ལོ་སོ་དྲུག་པ། ལྕགས་ཕོ་རྟ། ༡༢༧༠ ལོར། དབང་བཞི་པའི་ཡོན་དུ། ཤེལ་ཐམ་གླིང་དྲུག་མ་དང་། གནམ་གྱི་འོག སའི་སྟེང་། སྤྲུལ་པའི་སངས་རྒྱས། ཡི་གེ་རྩོམ་མི། རྒྱལ་ཁམས་འཇགས་སུ་འཇུག་པ་པོ། གནས་ལྔ་རིག་པའི་པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་གསོལ་འཇའ་ས་དང་གོ་གནས་ཕུལ། དེ་ལྟར་ཧོར། རྒྱ། ཡུ་གུར། འཇང་། མི་ཉག་སོགས་སུ་བསྟན་པ་ཤིན་དུ་དར་བར་མཛད་དོ། །སླར་བོད་དུ་བྱོན་པ་ན། མཆོད་ཡོན་རྣམ་གཉིས་ཐུགས་འབྲལ་མི་ཕོད་པས། རྒྱལ་པོས་སྐྱེས་ཐུང་ལ་ཉིན་ནས་ཟླ་བ། ཟླ་བ་ནས་ལོ་སྤར་ཏེ་ཕེབས་སྐྱེལ་མཛད་པའི་ངོ་མཚར་རྣམ་ཐར་དང་། གཞན་ཡང་ལམ་དུ་མི་དང་མི་མ་ཡིན་པའི་བསུ་སྐྱེལ་གྱི་ལོ་རྒྱུས་ཡ་མཚན་ཅན་དུ་མའི་ངང་བྱོན་ཏེ། དགུང་ལོ་ཞེ་གཅིག་པ། སྤྱི་ལོ་ ༡༢༧༦ ལོར་གདན་ས་ཆེན་པོར་ཕེབས། འཕགས་ཡུལ་པཎྜི་ཏ་དང་བོད་ཀྱི་མི་དཔོན་དུ་མས་ཞབས་ལ་གཏུགས། མེ་མོ་གླང་། དགེ་འདུན་ཁྲི་ཕྲག་བདུན་ལྷག་དང་། ཆོས་སྨྲ་བའི་བཤེས་གཉེན་སྟོང་ཕྲག་དུ་མ་འདུས་པའི་གཙང་ཆུ་མིག་གི་ཆོས་འཁོར་བསྐོར། གསུང་རྩོམ་ལ། ལམ་འབྲས་གཞུང་བཤད་སོགས་པོད་གསུམ་ལྷག་བཞུགས།
རྟེན་བཞེངས་ལ། ས་སྐྱ་ལྷ་ཁང་ཆེན་མོ་ལ་སོགས་ཤིན་ཏུ་མང་པོ་དང་། གསུང་རྟེན་ལ། སྔ་ཕྱིར་བཀའ་འགྱུར་སོོགས་གསེར་ཆོས་ཉིས་སྟོང་དང་བརྒྱ་ང་བདུན་སོགས་བགྲང་ལས་འདས་པ། དགེ་སློང་ཕ་སོགས་སྟོང་བཞི་བརྒྱ་ཉི་ཤུ་རྩ་ལྔ་དང་།
སློབ་མ་ལ། བཤད་པའི་སྲོལ་འཛིན་ཤར་ནུབ་གུང་གསུམ་སོགས་དུ་མ་བསྐྲུན། མཐར་དགུང་གྲངས་ཞེ་དྲུག་པ་རབ་བྱུང་ལྔ་པའི་ལྕགས་འབྲུག་སྤྱི་ལོ་༡༢༨༠ ལོར་ལྷ་ཁང་བླ་བྲང་དུ་བདེ་བར་གཤེགས།