སྨོན་ལམ་གསལ་བསྒྲགས།

Bodh_Gaya_temple

 

༄༅། །ལུང་རྟོགས་བསྟན་པའི་འབྱུང་གནས་ཆོས་སྡེ་ཁག་དང་། དད་ལྡན་སྐྱེ་བོ་ཡོངས་ཀྱི་སྙན་དབང་ཟབ་མོར།

ཆེད་གསོལ།

དེ་ནས་དགོངས་མངའ་བཞིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ནི། རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། ༸རྒྱལ་བསྟན་སྐྱོང་བའི་མངའ་བདག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རཏྞ་བཛྲ་རིན་པོ་ཆེ་མཆོག་རྣམ་གསུམ་གྱི་དབུས། བསྟན་འཛིན་གྱི་སྐྱེས་དམ་པ་རྣམས་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། རང་ཡུལ་ཁ་བའི་ལྗོངས་འདི་ཉིད་གཙོས་པའི་ཡངས་པའི་རྒྱལ་ཁམས་ཀྱི་སྐྱེས་འགྲོ་ཀུན་བདེ་ཞིང་སྐྱིད་པའི་དཔལ་དུ་སྤྱོད་པའི་འཇིག་རྟེན་ཞི་བདེ་ཡོང་བ་སོགས་ཀྱི་ཆེད་དུ་དམིགས་ཏེ། བྱེས་ཀྱི་ལྗོངས་འདིར་དཔལ་ས་སྐྱའི་སྨོན་ལམ་སྐབས་ཉེར་ལྔ་པ་ཡན་ཆད་བདག་ཅག་གི་སྟོན་པ་སྐུ་བལྟམས་པའི་གནས་མཆོག་ཁྱད་པར་ཅན་ལུམྦྰི་ནི་རུ་འཚོགས་གྲུབ་ཅིང་། འདི་ལོ་སྟོན་མཆོག་ཐུབ་པའི་དབང་པོ་མངོན་པར་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་དུ། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་སྨོན་ལམ་སྐབས་ཉེར་དྲུག་པ། ཕྱི་ལོ་༢༠༡༧ ཕྱི་ཟླ་༡༢ ཚེས་ ༢༦ ནས། ཕྱི་ལོ་༢༠༡༨ ཟླ་བ་༡ ཚེས་ ༤ བར་སྔར་སྲོལ་གྱི་སྨོན་ལམ་ཆེན་མོ་འཚོག་གཏན་འཁེལ་བ་ལགས་ན། དེ་དོན་འབྲེལ་ཡོད་ཡོངས་ནས་ཡིད་འཇགས་འཚལ།

དཔལ་ས་སྐྱའི་དབུས་སྨོན་ལམ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཕྱི་ཟླ་༦ ཚེས་ ༩ ཉིན་ལ།

དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་གསལ་བསྒྲགས་འཕར་མ།

དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་གསལ་བསྒྲགས་འཕར་མ།

༄༅།།དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉི་ཤུ་རྩ་ལྔ་པའི་གསལ་བསྒྲགས་འཕར་མ་དང་མཛད་རིམ་སྙིང་བསྡུས།དེ་ཡང་གནས་མཆོག་ལུམྦི་ནཱི་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཕྱི་ལོ་༢༠༡༦ཟླ་༡༢ཚེས་༢༥ནས་དབུ་བརྩམས་ཏེ་ཉིན་བཅུའི་རིང་ཚོགས་གཏན་འཁེལ་བ་དང་།ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་།འདི་ལོ་དམིགས་བསལ་དུ། དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་འཚོགས་ནས་མི་ངོ་ཧྲིལ་པོ་ཉི་ཤུ་རྩ་ལྔ་འཁོར་བའི་ཕྱི་ལུགས་མཛད་སྒོ་དང་།༸སྐྱབས་མགོན་༸བདག་ཆེན་འཇིགས་བྲལ་རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་ཟབ་རྒྱས་དང་། འཆར་ཅན་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་འདེགས་འབུལ་ཞུ་རྒྱུ་ཡིན་པ་བཅས་དད་ལྡན་སེར་སྐྱ་ཡོངས་ཀྱི་དགོངས་པར་མངའ་བ་མཁྱེན།

སྨོན་ལམ་གྱི་མཛད་རིམ་སྙིང་བསྡུས།

-  ཕྱི་ལོ་༢༠༡༦ཟླ་༡༢ཚེས་༢༥ཉིན།སྔ་དྲོ་ཕྱག་ཚོད་༩:༠༠ནས་ཕྱི་དྲོ་ཕྱག་ཚོད་ ༤: ༣༠ བར།

དཔལ་ས་སྐྱའི་སྨོན་ལམ་དངོས་གཞི་དབུ་འཛུགས་ཀྱིས་ཉིན་ལྟར་སྨོན་ལམ་གསུང་རྒྱུ།

ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༣༠ ཉིན། སྔ་དྲོ་ཕྱག་ཚོད་ ༩:༠༠ནས་ཕྱི་དྲོ་ཕྱག་ཚོད་ ༤: ༣༠ བར།

བྱེས་ཀྱི་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་འཚོགས་ནས་མི་ལོ་ཧྲིལ་པོ་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བསྐྱང་རྒྱུ།

-ཕྱི་ལོ་༢༠༡༦ཟླ་བ་༡༢ཚེས་ ༣༡ ཉིན།སྔ་དྲོའི་ཕྱག་ཚོད་ ༩:༠༠ནས་དབུ་འཛུགས་བསྐྱང་རྒྱུ།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་་ནས་སེར་སྐྱ་མི་མང་ལ་རྡོ་རྗེ་སེམས་དཔའི་བཀའ་དབང་དང་བཀའ་སློབ་བཀའ་དྲིན་བསྐྱང་རྒྱུ།

-ཕྱི་ལོ་༢༠༡༧ཟླ་བ་༡ཚེས་ ༡ ཉིན།སྔ་དྲོ་ཕྱག་ཚོད་༩:༠༠ ནས་ཉིན་གང་།

༸སྐྱབས་མགོན་༸བདག་ཆེན་འཇིགས་བྲལ་༸རིན་པོ་ཆེའི་དགོངས་རྫོགས་མཆོད་འབུལ་དུ། རྡོ་རྗེ་སེམས་པའི་བླ་མཆོད་ཀྱི་ཆོ་ག་གསུང་རྒྱུ།

-ཕྱི་ལོ་༢༠༡༦ ཟླ་༡༢ ཚེས་༣༡ སྔ་དྲོ་ཕྱག་ཚོད་ ༧:༠༠ ནས་སྔ་དྲོ་ཕྱག་ཚོད་ ༨:༠༠ བར་ཉིན་གསུམ་རིང་།

སྒྲོལ་དཀར་བསྙེན་པ་སྔོན་དུ་སོང་བའི་དགེ་འདུན་སྐུ་བགྲེས་རྣམས་ནས་བརྟན་བཞུགས་སྒྲུབ་ཞག་གནང་རྒྱུ།

-ལོ་༢༠༡༦ ཟླ་བ་༡ ཚེས་ ༢ ཉིན། སྔ་དྲོ་ཕྱག་ཚོད་ ༩:༠༠དབུ་འཛུགས་ཞུ་རྒྱུ།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ལ། ༸འཁོན་གདུང་རཏྞ་བཛྲ་རིན་པོ་ཆེས་གཙོ་སྐྱོང་གནང་སྟེ་འདུས་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

དཔལ་ས་སྐྱ་སྨོན་ལམ་རྒྱུན་ལས་སྐབས་དང་པོ་ནས་ཕྱི་ལོ་༢༠༡༦ཟླ་བ་༡༠ཚེས་༠༢ཉིན།

སྨོན་ལམ་གྱི་གལ་ཆེན་གསལ་བསྒྲགས།

༅། །བརྩེ་ཆེན་རྒྱལ་བསྟན་སྐྱོང་བའི་དཔལ་ས་སྐྱ་པའི་གདན་ས་ཆེན་པོ་དང་། བཤད་གྲྭ་ཁག་གི་དབུས་དཔལ་ས་སྐྱ་པའི་དགོན་སྡེ་ཡོངས་ཀྱི་འདུས་སྡེ་རིན་པོ་ཆེའི་སྙན་ལམ་དུ།

                                                                                                                                                                         ཆེད་གསོལ།
ཚང་མས་དགོངས་ཆུབ་ལྟར། དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་ཉེར་ལྔ་པ་དེ་ཡང་སྔར་རྒྱུན་བཞིན། སྟོན་མཆོག་ཐུབ་པའི་དབང་པོ་སྐུ་བལྟམས་པའི་གནས་མཆོག་ལུམྦཱི་ནི་ཚལ་དུ། བདག་ཅག་གི་འདྲེན་པ་ཆེན་པོ་༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། དེ་མིན་༸སྐྱབས་རྗེ་༸འཁོན་གདུང་རྣམ་པས་དབུས་བླ་ཆེན་ལྷན་རྒྱས་དང་བཅས། འཇིག་རྟེན་ཞི་བདེ་དང་། རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་སྐུ་ཚེ་བརྟན་ཞིང་མཛད་འཕྲིན་རྒྱས་པ་སོགས་ཀྱི་ཆེད་དུ་དམིགས་ཏེ། འདི་ལོའི་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དེ་ཉིད། ཕྱི་ལོ་ ༢༠༡༦ ཕྱི་ཟླ་༡༢ ཚེས་༢༥ ནས་ ཕྱི་ལོ་༢༠༡༧ ཟླ་༡ ཚེས་༣བར་ཉིན་གྲངས་བཅུའི་རིང་སྨོན་ལམ་འཚོག་རྒྱུ་དང་། ཕྱི་ཟླ་༡༢ཚེས་༣༠ ཉིན་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་བགྲང་བྱ་ཉེར་ལྔ་ཧྲིལ་པོ་འཁོར་བའི་དུས་དྲན་མཛད་སྒོ་བསྐྱང་རྒྱུ་ཐུགས་གཏན་འཁེལ་བ་སྔོན་ཚུད་ནས་དྲྭ་ལམ་ཐོག་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཡོད་ལ།ད་དུང་གོ་སྐབས་འདི་བརྒྱུད་ནས་བླ་མ་སྤྲུལ་སྐུ་དང་དགེ་འདུན་བཙུན་མ་དང་བཅས་གང་མང་ཚོགས་ཕེབས་གནང་བར་འབོད་སྐུལ་ཞུ་བ་དང་སྦྲགས། སྨོན་ལམ་སྐབས་སྣེ་ལེན་ཞུ་སྒོའི་ཐད།བླ་མ་སྤྲུལ་སྐུ་དང་མཁན་པོ།དགོན་སྡེ་ཁག་གི་འགན་འཛིན་དང་། བཤད་གྲྭའི་དཔེ་ཁྲིད་དགེ་རྒན་ལས་ཐོགས་པ་བཅས་ལ་དམིགས་བསལ་བཞུགས་གནས་དང་། དགེ་འདུན་བྱིངས་ལ་ཕྱོགས་གཉིས་ཀའི་ལམ་གྲོན་དང་།བཞུགས་གནས་དང་ཞལ་ལག་བཅས་གང་གཟབ་གོ་སྒྲིག་ཞུ་རྒྱུ་ལགས་ན། གོ་སྒྲིག་འཐུས་ཚང་ཞུ་བདེ་སླད་ཁུངས་སོ་སོ་ནས་སྨོན་ལམ་དུ་ཚོགས་ཕེབས་ཇི་ཡོད་ཀྱི་མཚན་ཐོ་དང་གནས་རིམ་ཁ་གསལ་འཁོད་པའི་མཚན་གཞུང་ལས་ཐམ་བཀོད་དེ། ཕྱི་ཟླ་༡༡ ཚེས་༢༥ ལས་མ་འགྱངས་པར་དཔལ་ས་སྐྱའི་སྨོན་ལམ་ཡིག་ཚང་ལས་ཁུངས་དང་། ས་སྐྱ་སྨོན་ལམ་གྱི་མྱུར་འཕྲིན་ཐོག་གནང་རྒྱུ་དང་ཡིག་ཆ་ངོ་མ་སྨོན་ལམ་སྐབས་ཡིག་ཚང་དུ་གནང་དགོས་ལ། ད་དུང་ཚང་མས་ཐུགས་སྣང་དགོས་རྒྱུར། བླ་མ་སྤྲུལ་སྐུ་དང་གྲྭ་བཙུན་ཚང་མས། ཆོས་གོས་དང་། སྟོད་འགག་ངེས་པར་དུ་བསྣམས་དགོས་པས་དེ་དོན་ཅི་ནས་དགོངས་འཇགས་འཚལ།

དཔལ་ས་སྐྱའི་སྨོན་ལམ་ཡིག་ཚང་ནས། ཕྱི་ལོ་༢༠༡༦ ཕྱི་ཟླ་༡༠ ཚེས་༡༢ཉིན་ལ།

༄༅། །དད་དམ་གཡོ་བ་མེད་པའི་ཧི་མ་ཅལ་ཁུལ་གྱི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་དུ་ཆོས་བརྡ་གསལ་བསྒྲགས།

༄༅། །དད་དམ་གཡོ་བ་མེད་པའི་ཧི་མ་ཅལ་ཁུལ་གྱི་སྐྱེ་བོ་ཡོངས་ཀྱི་སྙན་ལམ་དུ།

                                                                   ཆེད་གསོལ།

     His Holiness long life

 བདག་ཅག་གི་དྲིན་ཅན་རྩ་བའི་བླ་མ་༸སྐྱབས་མགོན་༸གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ཕྱི་ལོ་༢༠༡༧ ལོར་དགུང་གྲངས་བདུན་ཅུ་དོན་གསུམ་བཞེས་པའི་དགུང་སྐེག་ཏུ་ཕེབས་པར་བརྟེན། ༸མགོན་པོ་གང་ཉིད་བདག་ཅག་རྗེས་འཇུག་རྣམས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་སྐུ་ཚེ་བསྐལ་བརྒྱར་འཚོ་ཞིང་གཞེས་པ་དང་། རྗེས་འཇུག་སློབ་འབངས་ཡོངས་ཀྱིས་བཀའ་དྲིན་རྗེས་དྲན་དུ་དམིགས་ཏེ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་གཏན་འཁེལ་ཞིང་། བརྟན་བཞུགས་ཀྱི་སྔོན་འགྲོའམ། སྐུ་ཚེ་ཚེ་སྒྲུབ་ཀྱི་སླད་མ་སྐུལ་དང་བླངས་ཀྱིས་སྒྲོལ་དཀར་བསྙེན་མཚམས་བཞུགས་རྣམས་ཀྱི་ཆེད་དུ་དམིགས་ཏེ་ས་གནས་སོ་སོར་བླ་ཆེན་ཁག་ལ་གསོལ་འདེབས་ཞུས་པ་ལྟར། ཧི་མ་ཅལ་ཁུལ་ལ་དྭགས་དང་སྤྱི་ཏི་ཁུལ་གྱི་དགོན་སྡེ་དང་། སྦིར་ཁུལ་གྱི་དགོན་སྡེ་ཁག་གྱི་གྲྭ་བཙུན་དང་དད་ལྡན་མང་ཚོགས་རྣམས་ཀྱི་ཆེད་དུ། དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།

dzongsar khentse

རིས་མེད་བསྟན་པའི་མངའ་བདག་༸སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་མཆོག་གིས་ཐུགས་དགྱེས་བརྩེ་ཆེན་པོའི་སྒོ་ནས་ཞལ་བཞེས་བཟང་པོ་ཐོབ་སྟེ། འཕགས་ཡུལ་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ། ཕྱི་ལོ་༢༠༡༦ ཕྱི་ཟླ་༧ ཚེས་༢༦ ཉིན་གྱི་ཕྱི་དྲོ། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བཀའ་དབང་དང་། ཕྱི་ཚེས་༢༧། ༢༨ ཉིན་གཉིས་རིངབཀའ་ཁྲིད་དང་ལུང་བསྩལ་རྒྱུ་ཐུགས་གཏན་འཁེལ་བ་ལགས་ན། ལ་དྭགས་དང་སྤྱི་ཏི་ཁུལ་སོགས་ཐག་རིང་ནས་ཕེབས་མཁན་དག་ལ་རྫོང་སར་བཤད་གྲྭ་ནས་བཞུགས་གནས་དང་ཞལ་ལག་གི་མཐུན་རྐྱེན་གནང་རྒྱུའི་ཞལ་བཞེས་ཐོབ་བྱུང་བས་ཕྱི་ཚེས་༢༥ ཉིན་ངེས་འབྱོར་ཡོང་བ་དང་། གོ་སྒྲིག་ཞུ་བདེའི་སླད་ཕྱི་ཚེས་༢༣ མ་འགྱངས་པར་རྫོང་སར་བཤད་གྲྭའི་ཡིག་ཚང་དུ་ཐོ་འགོད་གནང་སྐྱོང་ཡོང་བ་བཅས་དེ་དོན་དགོངས་འཇགས་འཚལ།

                                               དཔལ་ས་སྐྱའི་སྨོན་ལམ་ཡིག་ཚང་ནས། ཕྱི་ལོ་༢༠༡༦ ཟླ་༧ ཚེས་༡༩  ཉིན་ལ།

༄༅། །དཔལ་ས་སྐྱའི་དགེ་འོས་སྦྱོང་བརྡར་ནང་བཞུགས་མཁན་གྱི་ཆེད་དུ་དམིགས་བསལ་གསལ་བསྒྲགས།

༄༅། །དཔལ་ས་སྐྱའི་དགེ་འོས་སྦྱོང་བརྡར་ནང་བཞུགས་མཁན་གྱི་ཆོས་གྲོགས་ཡོངས་ལ།

གསོལ་བ།

གསལ་བརྡ་སྔོན་སོང་ལྟར། དཔལ་ས་སྐྱའི་གཞི་རིམ་སློབ་མའི་ཤེས་ཡོན་ཡར་རྒྱས་ཆེད་དུ་དམིགས་ཏེ། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་གི་བཀའ་དགོངས་དང་། ༸སྐྱབས་རྗེ་༸འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་གང་གི་དབུ་ཁྲིད་དང་ལམ་སྟོན་འོག་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས་གོ་སྒྲིག་ཞུས་པའི་དཔལ་ས་སྐྱའི་དགེ་འོས་སྦྱོང་བརྡར་དེ་བཞིན། སློབ་ཡུན་ལོ་གཅིག་དང་ཟླ་བ་དྲུག་རིང་ཡིན་པ་ལ། དེ་སྔའི་གསལ་བརྡ་རུ། ཕྱི་ལོ་༢༠༡༦ ཟླ་༧ ཚེས་༡ ཉིན་ནས་དངོས་སུ་དབུ་འཛུགས་ཞུས་ཏེ་ལོ་གཅིག་དང་ཟླ་བ་དྲུག་ཆ་ཚང་ས་རཱ་བོད་ཀྱི་མཐོ་སློབ་ཏུ་འཚོག་འཆར་ཞུས་ཡོད་ཀྱང་། ད་ལྟའི་ཆར་ལས་དོན་གྱི་བརྒྱུད་རིམ་དང་དགོས་མཁོ་ལ་དམིགས་ཏེ། ཟླ་བ་དྲུག་དེ་རྨང་གཞིའི་སྦྱོང་བརྡར་སླད་བྱེས་ཀྱི་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཚོག་རྒྱུ་དང་། དེ་ནས་དགེ་འོས་དངོས་གཞིའི་སྦྱོང་བརྡར་ལོ་གཅིག་ཧྲིལ་པོ་ས་རཱ་མཐོ་སློབ་རང་དུ་འཚོག་རྒྱུ་གཏན་འཁེལ་བྱུང་ཡོད་ལ། ད་དུང་དེ་སྔོན་ཟླ་བ་གཅིག་སྔོན་ཚུད་ནས་སྡེ་ར་སྡུན་ཁུལ་དུ་འཛོམས་རྒྱུའི་གསལ་བརྡ་ཞུས་པ་ཡང་དེ་ལྟར་འཛོམས་མི་དགོས་པར། ཕྱི་ཟླ་༦ ཚེས་༣༠ ལས་མི་འགྱངས་པར་ཅོན་ཏ་ར་རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས་སུ་འཛོམས་རྒྱུ་དང་། ཕྱི་ཟླ་༧ ཚེས་༡ ཉིན་ནས་སློབ་ཚན་དངོས་སུ་དབུ་འཛུགས་ཞུ་རྒྱུ་ལགས་ན། དགེ་རྒན་འོས་སྦྱོང་ལ་ཕེབས་མི་ཡོངས་ནས་དེ་དོན་ཡིད་འཇགས་འཚལ།

དཔལ་ས་སྐྱའི་སྨོན་ལམ་ཡིག་ཚང་ནས། ཕྱི་ལོ་ ༢༠༡༦ ཟླ་༤ ཚེས་ ༢༥ ཉིན་ལ།

རིགས་གཏེར་དཔྱིད་ཆོས་ཆེན་མོའི་བརྒྱུད་རིམ་དང་ངོ་སྤྲོད།

RIGTER BANNER

རིགས་གཏེར་དཔྱིད་ཆོས་ཆེན་མོའི་བརྒྱུད་རིམ་དང་ངོ་སྤྲོད།

དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ནི། ཐོག་མར་ཉེ་བའི་ལོ་ཤས་སྔོན་བཤད་གྲྭ་ཁག་ཕན་ཚུན་གོ་བསྡུར་གནང་ཏེ་དགུན་དུས་སུ་ཚོགས་གནང་བ་ལས་རིགས་གཏེར་དགུན་ཆོས་ཞེས་པའི་མཚན་བྱང་ཐོག་བཤད་གྲྭ་ཁག་ལྷན་འཛོམས་ཀྱིས་གོ་སྒྲིག་ཀྱང་བཤད་གྲྭ་ཁག་གསུམ་རེེ་མོས་ཀྱིས་གནང་ཏེ་འཚོགས་གནང་ཡོད་ལ། སྐབས་འདི་ནས་བཟུང་དཔྱིད་ཀའི་དུས་སུ་ཚོགས་གནང་བའི་རྒྱུ་མཚན་ལ་གཟིགས་ནས། ༸སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་ནས་རིགས་གཏེར་དཔྱིད་ཆོས་སུ་མཚན་བསྒྱུར་གནང་ན་ཞེས་བཀའ་སློབ་བསྩལ་བ་ལྟར། རིགས་གཏེར་དཔྱིད་ཆོས་ཆེན་མོ་ཞེས་གཏན་འབེབས་ཞུས་པ་རེད། འདི་ནི་འདུས་ཆོས་ཆེན་མོ་འདིའི་མཚན་བྱང་དང་འབྲེལ་བའི་རྒྱུད་རིམ་དེ་ཞུས་པ་ཡིན།
དེ་ནས་གཞི་རྩའི་ད་རེས་ཀྱི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདིའི་བརྒྱུད་རིམ་དངོས་ནི། དཔལ་ས་སྐྱའི་སྨོན་ལམ་འགན་འཛིན་ལྷན་ཚོགས་རིམ་པར་ཚོགས་པའི་མཐའ་དོན་དུ། དཔལ་ས་སྐྱའི་སྨོན་ལམ་རྒྱུན་ལས་འདེམས་ཐོན་བྱུང་བ་དང་། སྐབས་དེར་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་ཞལ་སྔ་ནས། མིང་གང་ཡིན་ལ་མ་ལྟོས་པར་ས་སྐྱ་སྤྱི་པའི་ཚོགས་པ་འདིས་སྨོན་ལམ་ཚོགས་རྒྱུ་གཅིག་པུ་མ་ཡིན་པར་ཤེས་ཡོན་དང་འབྲེལ་བའི་ལས་དོན་སྒྲུབ་དགོས་པའི་བཀའ་སློབ་ལམ་སྟོན་བསྩལ་གནང་མཛད་ཅིང་། དེ་ལ་བརྟེན་ནས་ཕྱི་ལོ་༢༠༡༤ ལོའི་སྨོན་ལམ་སྐབས་རྒྱུན་ལས་རྣམས་ནས་གོ་སྒྲིག་ཞུས་ཏེ་དཔལ་ས་སྐྱའི་སྨོན་ལམ་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་ཞུས་ཏེ། དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོའི་རྩ་འཛིན་ཡིག་ཆ་ཡང་གཏན་འབེབས་ཞུ་ཐུབ་པ་བྱུང་བ་དང་། རྩ་འཛིན་ཡིག་ཆའི་ནང་དུ་ཡང་རིགས་གཏེར་དཔྱིད་ཆོས་ཆེན་མོའི་སྐོར་གསལ་པོར་བཀོད་པ་སོགས་མདོར་ན་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་བཀའ་དགོངས་ལམ་སྟོན་དང་། སྨོན་ལམ་ཚོགས་པའི་རྩ་འཛིན་ཡིག་ཆ་གཞི་རྩར་བཟུང་ཞིང་དེ་ལ་བརྟེན་ནས། སྨོན་ལམ་རྒྱུན་ལས་སྐབས་དང་པོའི་རྒྱུན་ལས་ལྷན་འཛོམས་ཀྱིས་ཤེས་ཡོན་དང་འབྲེལ་བའི་ལས་དོན་སྒྲུབ་ཕྱོགས་ཀྱི་ལས་འཆར་ནང་དུ། ཤེས་རིག་ཉམས་གསོ་དང་དར་སྤེལ་སྲུང་སྐྱོབ་སླད་སྨོན་ལམ་ཚིག་མཛོད་ཀྱི་ས་སྐྱ་པའི་རྩོམ་སྒྲིག་སྡེ་ཚན་ལ་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་བྱེད་མུས་དང་། གཞི་རིམ་གྱི་དཔལ་ས་སྐྱ་པའི་སློབ་ཕྲུག་རྣམས་ཀྱི་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ། དཔལ་ས་སྐྱའི་གཞི་རིམ་སློབ་དེབ་རྩོམ་སྒྲིག་དང་། གཞི་རིམ་དགེ་འོས་སྦྱོང་བརྡར་སྤྲོད་རྒྱུ་གཏན་འཁེལ་ཞུས་ཤིང་། བཤད་གྲྭ་ཁག་གི་ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་དམིགས་ནས་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ཉིད་ཤིན་ཏུ་གལ་འགངས་ཆེན་པོ་དང་། མཐོང་ཆེན་གཙིགས་སུ་རྩིས་ནས་རིགས་གཏེར་དཔྱིད་ཆོས་ཆེན་མོར་འགྲོ་གྲོན་ཡོངས་རྫོགས་ནར་གཏོང་བྱ་རྒྱུར་དམིགས་ཏེ། རིགས་གཏེར་དཔྱིད་ཆོས་ཆེན་མོ་སླར་གསོ་དང་མི་ཉམས་གོང་འཕེལ་ཇི་ལྟར་དགོས་མིན་ཐད། ༸སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་དབུར་བཞུགས་ཀྱིས། གདན་ས་ཁག་དང་བཤད་གྲྭ་ཁག་གི་མཁན་པོ་ལྷན་འཛོམས་ཐོག ཕྱི་ལོ་༢༠༡༥ ཟླ་༤ ཚེས་༧ ཉིན། དཔལ་ས་སྐྱའི་མཐོ་སློབ་ཏུ་དེའི་སྐོར་གྱི་ཚོགས་འདུ་ཐེངས་པོ་དེ་བསྐོང་འཚོགས་ཞུས་པ་དང་། སྐབས་དེར་༸སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་མཆོག་ནས། སྤྱིར་འཇམ་མགོན་ས་སྐྱ་པཎྜི་ཏ་ཡི་བསྟན་བཅོས་ཆེན་མོ་ཚད་མ་རིགས་གཏེར་འདི་ཉིད་ཚད་མ་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་ཡིན་དུས་རྩོད་པ་ཙམ་མ་ཡིན་པར་འཆད་རྩོད་རྩོམ་གསུམ་ཆར་གྱིས་སྒོ་ནས་བསྟན་པ་སྤྱི་སྨན་ཞིག་ཡོང་བ་བྱེད་དགོས་པ་སོགས་ཀྱིས་རིགས་གཏེར་དཔྱིད་ཆོས་ཆེན་མོའི་གོ་སྒྲིག་བྱ་ཕྱོགས་ལམ་སྟོན་བཀའ་སློབ་བཀའ་དྲིན་བསྐྱངས་གནང་མཛད་པ་དང་། དེ་རྗེས་གདན་ས་དང་བཤད་གྲྭ་ཁག་གི་མཁན་པོ་རྣམས་པའི་གྲོས་ཆོད་དུ་ཡང་། རིགས་གཏེར་དཔྱིད་ཆོས་ཆེན་མོ་འཆད་རྩོད་རྩོམ་གྱི་སྒོ་ནས་ཚོགས་དགོས་པ་དང་། གོ་སྒྲིག་བྱ་ཡུལ་དཔལ་ས་སྐྱ་པའི་བཤད་གྲྭ་ཁག་རེ་མོས་གནང་རྒྱུ། ཚོགས་དུས། ཀུན་མཁྱེན་གོ་རམས་པའི་འདས་མཆོད་བོད་ཟླ་༡ ཚེས་༢༡་ནས་འཇམ་མགོན་ས་སྐྱ་པཎྜི་ཏའི་འཁྲུངས་སྐར་བར་ཉིན་གྲངས་བཅོ་ལྔ་འཚོག་རྒྱུ་གཏན་འབེབས་གནང་བ་དང་། དེའི་རིང་རིན་པོ་ཆེའི་བཀའ་དགོངས་ལྟར་ཚད་མ་རིགས་པའི་སྐོར་ལ་རྩོད་པ་ཁོ་ན་མིན་པར་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཚོག་དགོས་པ་དང་། དེའི་མཚན་བྱང་། ཚོགས་དུས། ཚོགས་ཡུལ། གོ་སྒྲིག་བྱ་ཕྱོགས། བརྗོད་གཞི། ཚོགས་བཅར་བའི་གྲངས། ཐུགས་སྣང་གཞེན་སྐུལ་གཉིས་བཅས་དོན་ཚན་བརྒྱད་ཅན་གྱི་གྲོས་ཆོད་ཀྱང་གཏན་འབེབས་གནང་ཡོད་ལ། དེ་ནས་ཕྱི་ལོ་༢༠༡༥ ཕྱི་ཟླ་༡༠ ཚེས་༢༧ ཉིན་སླར་ཡང་ས་སྐྱ་མཐོ་སློབ་ཏུ། བཤད་གྲྭ་ཁག་གི་མཁན་པོ་ལྷན་འཛོམས་ཀྱི་རིགས་གཏེར་དཔྱིད་ཆོས་ཆེན་མོ་དང་འབྲེལ་བའི་ཚོགས་འདུ་ཐེངས་གཉིས་པ་ཞིག་ཀྱང་བསྐོང་འཚོགས་ཞུས་པའི་ནང་དུ། གོང་གི་བརྗོད་གཞི་ལ་ཁ་སྣོན་དང་། གྲོས་ཆོད་གསར་པ་རིགས་གཏེར་དཔྱིད་ཆོས་ཆེན་མོ་དང་འབྲེལ་རིས་མེད་ཚད་མའི་བགྲོ་གླེང་ཆེན་མོ་ཞིག་ཀྱང་གནང་དགོས་པའི་གཏན་འབེབས་བྱུང་བ་བཅས་ཚོགས་འདུ་རིམ་པས་གཏན་འབེབས་ཞུས་དོན་ལྟར། སྨོན་ལམ་རྒྱུན་ལས་ཡིག་ཚང་ནས་དཔལ་ས་སྐྱ་པའི་བཤད་གྲྭ་ཁག་ལ་འབྲེལ་བ་ཞུས་པའི་བརྒྱུད་རིམ་ལས། ད་ལྟའི་ཆར་བཙན་བྱོན་ནང་དུ་དཔལ་ས་སྐྱའི་ཁྱབ་ཁོངས་སུ་བཤད་གྲྭ་ཁག་བརྒྱད་ཡོད་པ་ནི། དཔལ་ས་སྐྱ་མཐོ་སློབ། རྫོང་སར་བཤད་གྲྭ་ཆོས་ཀྱི་བློ་གྲོས། མ་དགོན་བཤད་གྲྭ་ཐུབ་བསྟན་རྣམ་རྒྱལ་གླིང་། མོན་གྷོ་བརྩེ་ཆེན་མདོ་སྔགས་གླིང་། གསང་ཆེན་རྒྱུད་ཀྱི་བཤད་གྲྭ གོང་དཀར་ཆོས་སྡེའི་བཤད་གྲྭ པདྨ་ཚལ་གྱི་བཤད་གྲྭ རིམ་སྦིག་བཤད་གྲྭ་བཅས་ཆ་ཚང་ལ་འབྲེལ་བ་ཞུས་པར། དེ་རིང་འདིར་རིམ་སྦིག་བཤད་གྲྭ་དགོངས་ཞུ་གནང་ནས་ཕེབས་མི་ཐུབ་པ་མ་གཏོགས་དེ་མིན་གོང་དུ་མཚན་སྨོས་པའི་བཤད་གྲྭ་བདུན་ལྷན་དུ་འཛོམས་ནས་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོ་འདི་ཉིད་དེ་རིང་འདིར་དངོས་སུ་གོ་སྒྲིག་ཞུ་ཐུབ་པ་བྱུང་ཤིང་། དེ་ཡང་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་འོག། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་ཐོག་མའི་བཀའ་སློབ་ཀྱི་དགོངས་དོན་དང་། ༸སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེའི་ལམ་སྟོན། ཁྱད་པར་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམས་པའི་རྒྱབ་སྐྱོར་དང་། ས་སྐྱ་སྨོན་ལམ་ཚོགས་པའི་གོ་སྒྲིག་སོགས་ལ་བརྟེན་ནས་བྱུང་བ་ཞིག་རེད།

 

༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ ཉིན་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཉིན་དང་པོའི་མཛད་རིམ།

 ༄༅།།ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༨ ཉིན་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོའི་ཉིན་དང་པོའི་མཛད་རིམ།

sapan DEBATE PIC

 

སྔ་དྲོའི་མཛད་རིམ།
ཨང་། ཕྱག་ཚོད།༠༨།༠༠ནས་༠༨།༥་བར། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་པས་སྣང་གསལ་སྒྲོན་མེ་ཞལ་ཕྱེ་གནང་རྒྱུ་དང་མཛད་སྒོ་དངོས་སུ་དབུ་འཛུགས་ཀྱིས་མཛད་རིམ་སྒྲོག་སྦྱང་ཞུ་རྒྱུ།
  ཕྱག་ཚོད།༠༨།༠༥ནས་༠༨།༡༥་བར། སྨོན་ལམ་རྒྱུན་ལས་ཀྱི་ཚོགས་གཞོན་བསོད་ནམས་ཆོས་རྒྱལ་མཆོག་ནས་རིགས་གཏེར་དཔྱིད་ཆོས་ཀྱི་བརྒྱུད་རིམ་དང་འབྲེལ་བྱོན་པ་ལེགས་སོའི་གསུང་བཤད་གནང་རྒྱུ།
  ཕྱག་ཚོད།༠༨།༡༥ནས་༠༨།༢༠་བར། སྨོན་ལམ་རྒྱུན་ལས་ཀྱི་དྲུང་ཆེ་ཨ་འདུས་བླ་མ་ལགས་ནས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་གསུང་འཕྲིན་སྒྲོག་སྦྱང་གནང་རྒྱུ།
  ཕྱག་ཚོད།༠༨།༢༠ནས་༠༨།༣༠་བར། མཁན་རིན་པོ་ཆེ་ཆོས་དབྱིངས་རྡོ་རྗེ་མཆོག་ནས་རིགས་གཏེར་དཔྱིད་ཆོས་དང་འབྲེལ་བའི་གསུང་བཤད་སྐར་མ་བཅུ་ལས་མི་རིང་བ་གནང་རྒྱུ།
  ཕྱག་ཚོད།༠༨།༣༠ནས་༠༨།༤༠་བར། མཁན་རིན་པོ་ཆེ་ཐུབ་བསྟན་རབ་གསལ་མཆོག་ནས་རིགས་གཏེར་དཔྱིད་ཆོས་དང་འབྲེལ་བའི་གསུང་བཤད་སྐར་མ་བཅུ་ལས་མི་རིང་བ་གནང་རྒྱུ།
  ཕྱག་ཚོད།༠༨།༤༠ནས་༠༨།༥༠་བར། མཁན་རིན་པོ་ཆེ་ཆོས་ཀྱི་ཉི་མ་མཆོག་ནས་རིགས་གཏེར་དཔྱིད་ཆོས་དང་འབྲེལ་བའི་གསུང་བཤད་སྐར་མ་བཅུ་ལས་མི་རིང་བ་གནང་རྒྱུ།
  ཕྱག་ཚོད།༠༨།༥༠ནས་༠༩།༠༠་བར། སྐུ་མགྲོན་གྱི་གཙོ་བོ་༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་གསུང་བཤད་བཀའ་དྲིན་བསྐྱང་རྒྱུ།
  ཕྱག་ཚོད།༠༩།༠༠ནས་༠༩།༡༠་བར། སྨོན་ལམ་རྒྱུན་ལས་ཀྱི་དྲུང་ཆེ་ཨ་འདུས་བླ་མ་ལགས་ནས་ཐུགས་རྗེ་ཆེ་གསུང་བཤད་གནང་རྒྱུ།
  ཕྱག་ཚོད།༠༩།༡༠ནས་༡༠།༢༠་བར།  ཕྱི་ལོ་༢༠༡༥།བོད་རྒྱལ་ལོ་༢༡༤༢་རབ་གནས་ཤིང་ལུག་ལོའི་དཔལ་རྫོང་སར་བཤད་གྲྭའི་སློབ་ཕྲུག་རྣམས་ཀྱི་ཡིག་རྒྱུགས་དང་བློ་འཛིན་རྩེ་ཕུད་རྣམས་ལ་བྱ་དགའ་སྩོལ་རྒྱུ།
 ༡༠ ཕྱག་ཚོད།༠༩།༢༠་ནས༡༠།༣༠་བར། འདུས་སྤྱི་ཡོངས་ནས་འགྲོ་ལ་བདེ་སྐྱིད་མ་གདངས་དབྱངས་དང་བཅས་སྔ་དྲོའི་མཛད་སྒོ་ལེགས་པར་གྲུབ་རྒྱུ།
ཆུ་ཚོད། ༡༡།༣༠ ནས་ ༠༡།༣༠        ཉིན་གུང་གསོལ་ཚིགས་བར་གསེང་།
ཉིན་རྒྱབ་མཛད་རིམ།
 ༡༡ ཕྱག་ཚོད།༠༡།༠༠་ནས་༠༢།༠༠་བར། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་འདུས་ཚོགས་སུ་འཇམ་དབྱངས་དམར་སེར་གྱི་རྗེས་གནང་བཀའ་དྲིན་བསྐྱང་རྒྱུ།
༡༢         ཕྱག་ཚོད།༠༢།༠༠་ནས་༠༢།༣༠་བར། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ནས་རིགས་གཏེར་དཔྱིད་ཆོས་ཀྱི་ཚོགས་ཕེབས་རྣམས་ལ་ཚད་མ་རིགས་གཏེར་གྱི་ལྗགས་ལུང་གནང་རྒྱུ།
 ༡༣           ཕྱག་ཚོད།༠༢།༣༠་ནས་༠༤།༣༠་བར། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་དབུ་བཞུགས་ཀྱིས་བླ་མཆོད་དང་འབྲེལ་ཚོགས་མཆོད་གཟབ་རྒྱས་འབུལ་རྒྱུ།
 ༡༤ ཕྱག་ཚོད།༠༤།༣༠་ནས་༠༤།༤༥་བར། འདུས་སྤྱི་ཡོངས་ནས་བསྟན་རྒྱས་སྨོན་ལམ་དང་འགྲོ་ལ་བདེ་སྐྱིད་མ་གདངས་དབྱངས་དང་བཅས་ཉིན་རྒྱབ་ཀྱི་མཛད་སྒོ་ལེགས་པར་གྲུབ་རྒྱུ།
དགོང་མོའི་མཛད་རིམ།
 ༡༥ ཕྱག་ཚོད།༠༧།༠༠་ནས་༠༩།༠༠་བར། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་བཤད་གྲྭ་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག་བཤད་གྲྭ་ཁག་ནས་དམ་བཅའི་མཆོད་འབུལ་ཞུ་རྒྱུ།
 ༡༦ ཕྱག་ཚོད།༠༩་༠༠།ནས་༠༩།༡༠་བར། འདུས་སྤྱི་ཡོངས་ནས་བསྟན་རྒྱས་སྨོན་ལམ་དང་འགྲོ་ལ་བདེ་སྐྱིད་མ་གདངས་དབྱངས་དང་བཅས་མཛད་སྒོ་ལེགས་པར་གྲུབ་རྒྱུ།         མངྒལཾ།།

 

ས་སྐྱ་སྨོན་ལམ་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ཟླ་༢ཚེས་༢༨ཉིན་ལ།

 

ཕྱི་ལོ་༢༠༡༦་ཟླ་༢་ཚེས་༢༨་ནས་ཟླ་༣་ཚེས་༡༤བར་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོར་ ཕེབས་པའི་བཤད་གྲྭ་ཁག་གི་མཚན་ཐོ།

 

 

ཕྱི་ལོ་༢༠༡༦་ཟླ་༢་ཚེས་༢༨་ནས་ཟླ་༣་ཚེས་༡༤བར་དཔལ་ས་སྐྱའི་རིགས་གཏེར་དཔྱིད་ཆོས་ཆེན་མོར་

ཕེབས་པའི་བཤད་གྲྭ་ཁག་གི་མཚན་ཐོ།

ཨང་། བཤད་གྲྭ མཁན་པོ། སྤྲུལ་སྐུ། དགེ་རྒན། སྐྱོར་དཔོན། དགེ་འདུན། བསྡོམས།
གོང་དཀར་ཆོས་སྡེའི་བཤད་གྲྭ 0 0 0 1 19 20
དཔལ་ས་སྐྱའི་གསང་ཆེན་རྒྱུད་གྲྭ 1 3 0 1 25 30
མ་དགོན་བཤད་གྲྭ 1 4 1 1 23 30
རྗོང་སར་བཤད་གྲྭ 12 8 11 6 430 467
ས་སྐྱ་མཐོ་སློབ། 1 0 1 3 42 46
པདྨ་ཚལ་བཤད་གྲྭ 0 0 1 1 14 16
མོན་གྷོ་བཤད་གྲྭ 0 0 1 0 10 11
འབྲི་རུ་དགོན་གྱི་སློབ་གཉེར་བ། 0 0 1 0 14 15
ཨེ་ཝཾ་བཤད་སྒྲུབ་ཆོས་འཁོར་གླིང་། 0 0 1 0 10 11
རིགས་གཏེར་དཔྱིད་ཆོས་ཆེན་མོར་ཕེབས་པའི་བཤད་གྲྭ་ཁག་གི་དགེ་འདུན་ཁྱོན་བསྡོམས། 646

ས་སྐྱ་སྨོན་ལམ་ཚོགས་པའི་ཡིག་ཚང་ནས་ཕྱི་ལོ་༢༠༡༦ཟླ་༢ཚེས་༢༥ཉིན་ལ།

ངཔལ་ས་སྐྱའི་དགེ་འོས་སྦྱོང་བརྡར་གྱི་གསལ་བསྒྲགས་འཕར་མ།

༄༅། །དཔལ་ས་སྐྱའི་གཞི་རིམ་སློབ་གྲྭ་ཡོད་པའི་ཆོས་སྡེ་ཁག་གི་དབུ་བཞུགས་ལས་སྣེ་ཡོངས་ཀྱི་སྙན་ལམ་དུ།
                                                                                            གསོལ་བ།
འདི་ག་དཔལ་ས་སྐྱའི་སྨོན་ལམ་ཡིག་ཚང་ནས། ཕྱི་ལོ་༢༠༡༥ ཟླ་༡༠ ཚེས་༡༣
ཉིན་ཡོངས་ཁྱབ་གསལ་བསྒྲགས་ཞུས་དོན་ལྟར། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེའི་བཀའ་དགོངས་དང་། ༸སྐྱབས་རྗེ་འཁོན་གདུང་རཏྞ་བཛྲ་རིན་པོ་ཆེ་མཆོག་གི་དགོངས་དོན་བཀའ་སློབ་ལམ་སྟོན་འོག་དཔལ་ས་སྐྱའི་སྨོན་ལམ་རྒྱུན་ལས་སྐབས་དང་པོའི་ཤེས་ཡོན་དང་འབྲེལ་བའི་ལས་འཆར་ནང་། དཔལ་ས་སྐྱ་པའི་གཞི་རིམ་སློབ་གྲྭ་ཁག་གི་དགོས་མཁོར་དམིགས་ཏེ་དགེ་རྒན་འོས་སྦྱོང་སློབ་བསྡུའི་གསལ་བསྒྲགས་ཞུས་ཡོད་ལ། དེ་སྔའི་གསལ་བསྒྲགས་ནང་འཁོད་གཞིར་བཟུང་ཁུངས་སོ་སོ་ནས་དགེ་རྒན་འོས་མི་མངག་གཏོང་གི་སྙན་ཞུའི་ཐོ་འགོད་དུས་ཡུན་ཕྱི་ལོ་༢༠༡༦ ཕྱི་ཟླ་༢ ཚེས་༡ ལས་མ་འགྱངས་པར་དགོན་སྡེའི་རྒྱབ་གཉེར་ཡིག་ཆ་དང་། དོ་བདག་གི་ལོ་རྒྱུས་དང་། འདྲ་པར། མྱུར་འཕྲིན་ཁ་བྱང་དང་། ཁ་པར་ཨང་བཅས་ངེས་འབྱོར་དགོས་པ་གསལ་དོན་ལྟར་སྙན་ཞུའི་དུས་བཀག་གི་རྫོགས་ལ་ཉེ་བས་འགན་འཁུར་ལས་སྣེ་ཡོངས་ནས་ཐུགས་འཁུར་བཞེས་ཏེ་ཁོངས་སོ་སོའི་དགེ་རྒན་འོས་མིའི་སྙན་ཞུ་ཐོ་འགོད་གོང་གི་ཟླ་ཚེས་ལས་མ་འགྱངས་པར་གནང་སྐྱོང་ཡོང་བ་དང་། གལ་ཏེ་ཆོས་སྡེ་ཁག་ནས་མི་ཆའི་གྲངས་ཇི་བཞིན་མ་འབྱོར་ན། ཁ་ཐོར་དུ་ཡོད་པའི་གྲྭ་བཙུན་ཟུར་པ་དང་བཞུགས་བློ་ཡོད་རིགས་གཞན་ལ་གོ་སྐབས་འབུལ་རྒྱུ་ལགས་ན། དེ་ལུགས་ཁོངས་སོ་སོའི་འགན་འཛིན་ནས་དགོངས་ཆུབ་ཡོང་བ་ཅི་ནས་མཁྱེན།

དཔལ་ས་སྐྱའི་སྨོན་རྒྱུན་ལས་ཡིག་ཚང་ནས། ཕྱི་ལོ་ ༢༠༡༦ ཟླ་༡ ཚེས་ ༡༥ ཉིན་ལ།